网页 综合 更新时间 2026-11-14 07:32:06

中国藏语广播网

自动蜘蛛 www.tibetcnr.com 正文约 4379 字
ཆ་འཕྲིན་ཐེར་འདོན། mzjubao@cnr.cn
བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གསོན་ཉམས་ལྡན་པའི་ངང་རྒྱུན་འཛིན་དང་། མཐོ་སྒང་གི་ཕུལ་བྱུང་མི་རིགས་རིག་གནས་དར་སྤེལ་གཏོང་ཆེད། བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་ཀྱིས་གཙོ་གཉེར་དང་། བོད་ལྗོངས་རྩེ་མཐོང་མི་རིགས་ལག་ཤེས་བཟོ་ལས་ཚད་ཡོད་ཀུང་སིས་གཉེར་འགན་འཁུར་བའི་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་རྩལ། ཤིང་སྟེང་གི་གནའ་བོའི་དབྱངས་རྟ་ཞེས་པའི་འགྲེམས་སྟོན་དེ། ཟླ་བ་11ཚེས་13ཉིན་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་དངོས་སུ་མང་ཚོགས་ལ་སྒོ་ཕྱེ་བ་དང་། འགྲེམས་སྟོན་གྱི་དུས་ཡུན་ཉིན་7ཡིན་པ་རེད།
བོད་ཀྱི་གནའ་ཉམས་ལྡན་པའི་སྲོལ་རྒྱུན་ཁྱིམ་ཆས་ནི། མཐོ་སྒང་འདིའི་མཚོན་བྱེད་རང་བཞིན་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གསོན་ཉམས་རྒྱུན་འཛིན་རྣམ་གྲངས་ཤིག་ཡིན། དེ་ནི་གནའ་བོའི་དགོན་སྡེ་དང་སྐུ་དྲག་གཞིས་ཀའི་དཔེ་མཚོན་ཡོ་བྱད་ཀྱིས་གཙོ་བོར་བྱས་པའི་བོད་རིགས་ཀྱི་ཁྱིམ་ཆས་བཟོ་དབྱིབས་ལས་བྱུང་ཞིང་། དེའི་ནང་བོད་རིགས་ཀྱི་ལོ་ངོ་སྟོང་ཕྲག་རིང་གི་དམངས་སྲོལ་རིག་གནས་དང་། ཆོས་ལུགས་དད་མོས། ལག་ཤེས་བཟོ་རྩལ་བཅས་ཀྱི་ཉིང་བཅུད་གཅིག་ཏུ་འཁྱིལ་ཡོད་པས། ཐུན་མོང་མ་ཡིན་པའི་ས་མཐོའི་གནའ་ཉམས་མཛེས་དཔྱོད་རིག་གནས་ཀྱི་ཁྱད་ཆོས་ཤིག་རང་ཤུགས་སུ་གྲུབ་ཡོད་ལ། འཚོ་བའི་སྤྱོད་སྒོ་དང་། སྒྱུ་རྩལ་མཛེས་དཔྱོད། རིག་གནས་རྒྱུན་འཛིན་བཅས་ཀྱི་རིན་ཐང་དུ་མ་མཉམ་དུ་འཛོམས་ཡོད།
ཐེངས་འདིའི་འགྲེམས་སྟོན་ཐོག་སྲོལ་རྒྱུན་བོད་བཟོའི་ཁྱིམ་ཆས་ཀྱི་གནའ་བོའི་ལག་རྩལ་གྲུབ་འབྲས་གཅིག་སྡུད་ཀྱིས་འགྲེམས་སྟོན་བྱས་ཡོད། འགྲེམས་རྫས་རྣམས་ནི་ས་མཐོའི་སྟར་ཤིང་དང་། གསོམ་དམར། སྤྲུ་ཤིང་སོགས་སྤུས་ལེགས་ཀྱི་རང་བྱུང་ཤིང་ཆ་གདམ་གསེས་ཀྱིས་བཟོ་བསྐྲུན་བྱས་པ་ཞིག་ཡིན་ཞིང་། རྒྱུ་ཆ་རང་ས་ནས་ལེན་པ་དང་རང་བྱུང་གི་ཐབས་ལ་བརྟེན་ནས་བདག་གཅེས་བྱེད་པའི་གནའ་མིའི་བློ་གྲོས་ཀྱི་རྒྱུན་བཟང་མཐུད་ཡོད། ལྷག་པར་དུ་མར་ཐལ་བྱུགས་ཏེ་བརླན་གཤེར་དང་འབུ་སྲིན་འགོག་པའི་གནའ་བོའི་ལག་རྩལ་སྤྱད་པས། གདོད་མའི་ཤིང་གི་འཇམ་ཞིང་བརྗིད་ཆགས་པའི་རང་བྱུང་གི་ངོ་བོ་ཉམས་མེད་དུ་སོར་འཇོག་ཐུབ་ཡོད་ལ། དེ་ལས་མཐོ་སྒང་མེས་པོ་ཚོའི་རང་བྱུང་ཁམས་དང་མཐུན་པར་འཚོ་བའི་ལྟ་གྲུབ་དང་འདུ་ཤེས་ཀྱང་གསལ་པོར་མངོན་ཡོད།
འགྲེམས་སྟོན་བྱས་པའི་ཡོ་བྱད་རྣམས་ནི་བོད་ཀྱི་སྲོལ་རྒྱུན་ཁྱིམ་ཆས་ཀྱི་དཔེ་མཚོན་ཆེ་ཤོས་ཏེ་ཆ་སྒམ་དང་། བོད་ཅོག བོད་སྒམ་བཅས་རིགས་གསུམ་གཙོ་བོར་བྱས་ཡོད། དེ་དག་གི་བཟོ་དབྱིབས་གྲུ་བཞི་བརླིང་ཞིང་ལྷུ་ཚིགས་ཀྱི་གྲུབ་ཆ་སྲ་བརྟན་ལྡན་པས། ས་མཐོའི་སྲོལ་རྒྱུན་གྱི་འགྲོ་འདུག་སྤྱོད་གསུམ་དང་། མཆོད་འབུལ་མགྲོན་བསུ། དེ་བཞིན་དེང་རབས་ཀྱི་ཁྱིམ་ཚང་བཀོད་སྒྲིག་བཅས་གང་ལའང་ཤིན་ཏུ་འཚམས། འགྲེམས་རྫས་དེ་དག་གི་ཐོག་ནས་རྡོ་ཚོན་རི་མོ་དང་། གསེར་སྦྱར་དངུལ་བརྩེགས། འབུར་བརྐོས་རི་མོ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་གཙོ་བོ་རྣམས་ཆ་ཚང་བར་མངོན་ཡོད་ཅིང་། ལག་ཤེས་བཟོ་བོ་ཚོས་མཚལ་དང་། མཐིང་། སྤང་མ་སོགས་རང་བྱུང་གཏེར་རྫས་ཀྱི་ཚོན་རྩི་སྤྱད་དེ་ལག་བྲིས་བྱས་པས། ཚོན་མདངས་སྣུམ་ཞིང་བཀྲག་མདངས་འཚེར་ལ་ལོ་ཟླའི་ཆར་རླུང་ཇི་ཙམ་བརྒྱུད་ཀྱང་མདངས་མི་ཡལ་བའི་ཁྱད་ཆོས་ལྡན།
ཁྱིམ་ཆས་ཀྱི་ངོས་སུ་བཀྲ་ཤིས་རྟགས་བརྒྱད་དང་། རྒྱལ་སྲིད་སྣ་བདུན། འདོད་ཡོན་སྣ་ལྔ། སྟག་སེང་ཁྱུང་འབྲུག ཚེ་རིང་རྣམ་དྲུག མཐུན་པ་སྤུན་བཞི། དེ་བཞིན་པདྨ་དང་། འཇའ་སྤྲིན། ཆོས་འཁོར། ནོར་བུ་མེ་འབར། གཡུང་དྲུང་འཁྱིལ་པ། པ་ཏྲ་སོགས་བོད་ཀྱི་སྲོལ་རྒྱུན་བཀྲ་ཤིས་པའི་རི་མོ་སྣ་ཚོགས་ཞིབ་ཚགས་ཤིང་གསོན་ཉམས་ལྡན་པར་བྲིས་ཡོད། རི་མོ་དེ་དག་གིས་བཀྲ་ཤིས་ཕུན་སུམ་ཚོགས་པ་དང་། ཚེ་རིང་ནད་མེད། བྱ་བ་ལམ་འགྲོ་ཡོང་བའི་རྟེན་འབྲེལ་མཚོན་པ་མ་ཟད། རྒྱན་རིས་རེ་རེའི་ནང་དུའང་བོད་ཀྱི་ཐུན་མོང་མ་ཡིན་པའི་མཛེས་དཔྱོད་ཀྱི་ལྟ་བ་དང་རིག་གནས་ཀྱི་ནང་དོན་ཟབ་མོ་འདུས་ཡོད། ད་དུང་འགྲེམས་རྫས་ཁག་གཅིག་གི་ཐོག་ནས་ལྕགས་གཟེར་གྱི་མཐའ་ཤན་རྒྱན་པ་དང་། གཅན་གཟན་གྱི་པགས་པས་ཕྲ་རྒྱན་འདེབས་པ་སོགས་ཉམས་ལ་ཉེ་བའི་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དག་ཀྱང་མངོན་པར་བྱས་ཡོད་པས། འཕྲུལ་ཆས་ཀྱིས་ཚབ་བྱེད་ཐབས་བྲལ་བའི་བཟོ་བོའི་ལག་རྩལ་གྱི་དྲོད་ཁོལ་དང་བློ་གྲོས་ཀྱི་རྩལ་དངོས་སུ་ཚོར་ཐུབ།
བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རྡོ་རྗེས། ཐེངས་འདིའི་འགྲེམས་སྟོན་ནི་ཤིང་ཆས་ཀྱི་ཡོ་བྱད་བརྒྱུད་ལམ་དུ་བྱས་ཏེ། བོད་བཟོའི་ཁྱིམ་ཆས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལག་རྩལ་གྱི་རྒྱུན་འཛིན་གྲུབ་འབྲས་གཅིག་སྡུད་ཀྱིས་འགྲེམས་སྟོན་བྱས་པ་ཞིག་ཡིན་ལ། དམིགས་ཡུལ་ནི་རྒྱ་ཆེའི་མང་ཚོགས་རྣམས་ལ་བར་ཐག་ཉེ་ཤོས་ཀྱི་ཐོག་ནས་སྲོལ་རྒྱུན་བཟོ་རྩལ་གྱི་ཞིབ་ཕྲའི་ཁྱད་ཆོས་དང་རིག་གནས་ཀྱི་ནང་དོན་ལ་རྒྱུས་ལོན་བྱེད་དུ་བཅུག་སྟེ། མང་ཚོགས་དང་མངོན་མིན་རིག་གནས་ཤུལ་བཞག་དབར་གྱི་བར་ཐག་ཉེ་རུ་གཏོང་རྒྱུ་དེ་ཡིན་ཞེས་བརྗོད་པ་རེད།
ཉིན་བདུན་རིང་གི་མངོན་མིན་རིག་གནས་ཤུལ་བཞག་གི་ཆེད་དོན་འགྲེམས་སྟོན་འདིས། ས་གནས་ཀྱི་སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་གཏོང་བར་སྤུས་ལེགས་ཀྱི་སྟེགས་བུ་ཞིག་བསྐྲུན་ཡོད་པ་མ་ཟད། བོད་ཀྱི་སྲོལ་རྒྱུན་ཁྱིམ་ཆས་བཟོ་རྩལ་གསོན་ཉམས་ལྡན་པའི་ངང་རྒྱུན་འཛིན་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་སྟེ། བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་གནའ་བོའི་ཉམས་འགྱུར་དེ་དུས་རབས་གསར་པའི་ནང་མུ་མཐུད་གསོན་ཤུགས་རྒྱས་པར་བྱ་རྒྱུ་ཡིན་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
新闻热线:400-800-0088(节目覆盖热线)
电子邮箱:4008000088@cnr.cn
违法和不良信息举报电话:010-56807188
京ICP备05065762号 京公网安备110102005709-4
访问原文 返回搜索 http://www.tibetcnr.com/jdt2019/202611/t20261113_1532141.html
本页为82搜索生成的网页快照,内容来自站内索引;演示数据的原文链接仅作示例。